ཁྲིམས་ལུགས་ནི་སྤྱི་ཚོགས་ཀྱི་འཕེལ་རིམ་དང་དགོས་མཁོ་སོགས་ལ་བསྟུན་ནས་བྱུང་བའི་གཞུང་ལུགས་ཤིག་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་འདི་ནི་མི་དམངས་ལས་བསྒྲུབས་པའི་སྤྱི་ཚོགས་ཤིག་ཡིན་པ་དང་། མི་དམངས་དེ་དག་ཀྱང་སོ་སོའི་རང་ཉིད་ཀྱི་ཚོར་བའི་འདུ་ཤེས་སྣ་ཚོགས་ཀྱི་སྒྲུབ་པའི་གང་ཟག་འབའ་ཞིག་ཡིན་པ་རེད། མི་རེ་ལ་བསམ་བློ་རེ་དང་། མཛོ་རེ་ལ་རྭ་ཅོག་གཉིས་རེ་ཞེས་བཤད་སྲོལ་ཡོད་པ་ལྟར། མི་འབུམ་ཕྲག་ལས་བསྒྲུབས་པའི་སྤྱི་ཚོགས་ཤིག་ཏུ་ལྟ་བ་འདྲ་མིན་དང་། བསམ་བློ་འདྲ་མིན། ཀུན་སྤྱོད་འདྲ་མིན། ལུས་ངག་ཡིད་གསུམ་གྱི་བྱེད་ལས་འདྲ་མིན་དབང་གི་བྱ་བ་འདྲ་མིན་སོགས་གང་ལྟར་འདྲ་མིན་སྣ་ཚོགས་རེད།འདི་ལྟ་བུའི་སྤྱི་ཚོགས་ཤིག་ལྷིང་འཇགས་དང་འཕེལ་རྒྱས་ཡོང་དགོས་ན། དེ་དག་སྟངས་འཛིན་དང་སྐུལ་སྤྱོད་ཐུབ་པའི་གཞུང་ལུགས་ཤིག་དགོས་པ་དང་། གཞུང་ལུགས་དེའང་མང་མོས་ཀྱི་འདོད་པ་ཡོད་པ་དང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ལྷིང་འཇགས། སྤྱི་ཚོགས་ཀྱི་འཚོ་བའི་དངོས་ལ་དགོས་མཁོ་ཆེ་བ་ཞིག་དགོས་ངེས་ཡིན་པ་མ་ཚད། སྤྱི་མོས་སམ་མང་མོས་ཀྱི་གཏན་ལ་འབེབས་པའི་གཞུང་ལུགས་ཤིག་ཀྱང་ཡིན་དགོས། དེ་ལྟ་བུའི་གཞུང་ལུགས་ཤིག་ལ་ང་ཚོས་ཁྲིམས་ལུགས་ཞེས་ཐ་སྙད་འདོགས་པ་ཞིག་རེད།

གནའ་ནས་ད་དབར་ཁྲིམས་ལུགས་མེད་པའི་སྤྱི་ཚོགས་ཤིག་བྱུང་མེད་པ་རེད། མིའི་སྤྱི་ཚོགས་དེ་ཉིད་མཉམ་རུབ་ཀྱི་འཚོ་བ་སྐྱེལ་ནས་ཡོང་པ་ནས། ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁུར་དགོས་པའི་བཤད་སྲོལ་ལྟར། སྤྱི་ཚོགས་ཆེ་ཆུང་ཚང་མ་ལ་ཁྲིམས་ལུགས་ཀྱི་སྟངས་འཛིན་བྱེད་ཀྱི་ཡོད། ཁྲིམས་ལུགས་ཞེས་པ་ངེས་པར་ཏུ་ཡིག་ཐོག་དགོས་པ་ཞིག་མ་རེད། དེའང་སྔོན་འདོད་མའི་སྤྱི་ཚོགས་སུ་ཁྲིམས་ལུགས་ཡོད་ནའང་། ཁྲིམས་ལུགས་དེ་དག་ཡིག་ཐོག་ཕབ་པ་ཤིན་ཏུ་དཀོན། དེ་ནི་རུ་དཔོན་དང་སྡེ་དཔོན། ཡང་ན་སྤྱི་ཚོགས་དེའི་རྒས་གྲས་སོགས་ཀྱི་གཏན་འབེབས་བྱེད་པའི་ངག་ཐོག་གི་ཁྲིམས་ལུགས་ཤིག་གིས་སྟངས་འཛིན་བྱེད་ཀྱི་ཡོད་པ་རེད། སྤྱི་ཚོགས་རིམ་གྱིས་འཕེལ་རྒྱས་སོང་ནས། སྐད་ཡིག་གི་བཀོད་སྤྱོད་དར་པ་དང་། སློབ་སྦྱོང་གི་གནས་ཚད་ཇེ་མཐོ་སོང་བའི་ཞོར་དུ་ཁྲིམས་ལུགས་ཡིག་ཐོག་ལ་གཏན་འབེབས་བྱེད་འགོ་བརྩམས། དེ་ནས་རིམ་བཞིན་ཁྲིམས་ལུགས་ལག་བསྟར་བྱེད་མཁན་གྱི་སྡེ་ཚན་ལོགས་སུ་འཛུགས། ཁྲིམས་ལུགས་ཀྱི་གོ་རྟོགས་དང་ཤེས་རྒྱ་ཡངས་པའི་ཁྲིམས་དཔོན་བསྐོ། དེ་དང་མཉམ་དུ་ཁྲིམས་ལུགས་ཀྱི་ལག་བསྟར་ལས་བྱུང་བའི་ཉེས་ཅན་པ་ཚོ་བཀག་ཉར་བྱེད་པའི་བཙོན་ཁང་དང་བཙོན་སྲུང་སོགས་གང་ལྟར་ཁྲིམས་ལུགས་དང་སྤྱི་ཚོགས་གཉིས་ཟུང་འབྲེལ་གྱི་འགྲོ་ལུགས་དར་པ་རེད། རྒྱུ་མཚན་དེའི་དབང་གི་བསམ་བློ་མ་གཅིག་པའི་མི་མང་པོ་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་ཀྱི་ཁེ་ཕན་ཕྱོགས་སུ་ཁྲིད་ཐབས་ཀྱི་ལམ་ཀ་དེ་བྱུང་ཡོད་པ་རེད།

འགྲོ་བ་མིའི་རིགས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་ཇི་ཙམ་བྱུང་ནའང་། ཁྲིམས་ལུགས་ཀྱི་སྟངས་འཛིན་དགོས་པའི་བསམ་ཚུལ་དེ་ལ་འགྱུར་བ་བྱུང་མེད། བཙན་པོ་རྒྱལ་བརྒྱུད་ཀྱི་དུས་རབས་སུ་རྒྱལ་ཁྲིམས་དང་གཞུང་ཁྲིམས། ཕོ་བྲང་གི་ཁྲིམས་སོགས་སྣ་ཚོགས་བྱུང་། ལུང་ཆུང་རེ་ལ་དཔོན་ཆུང་རེ་བྱུང་པའི་སྤྱི་ཚོགས་ནང་དུའང་ཡུལ་ཁྲིམས་དང་དཔོན་ཁྲིམས་སོགས་དར། བོད་ལ་མཚོན་ན། ཆོས་དད་ཆེ་ཞིང་ཆོས་པ་མང་པ་མ་ཚད། གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་སའི་དགོན་སྡེའང་གྲངས་ལས་འདས་པ་ཞིག་བྱུང་། དགོན་པ་དེ་དག་གི་ནང་དུའང་སངས་རྒྱས་ཀྱི་དགོངས་པ་དང་འཆད་སྲོལ། གྲྭ་བཙུན་རབ་ཏུ་བྱུང་བའི་དཀའ་སྐྱེད་ཀྱི་ལས་ལས་བྱུང་འདུལ་ཁྲིམས་དང་། དགོན་ཁྲིམས། གྲྭ་ཁྲིམས་དང་བཙུན་ཁྲིམས་སོགས་གང་ལྟར་མང་དག་ཅིག་བྱུང་པ་རེད། མང་གཙོའི་རྒྱལ་ཁབ་ལ་དེ་དང་དགོས་མཁོ་དང་བསྟུན་ཤེས་ཆེ་བའི་ཁྲིམས་ལུགས་དང་། དམར་ཤོག་ལ་དེ་དང་དགོས་མཁོ་ཆེ་བའི་ཁྲིམས་ལུགས་སོགས་ཁྲིམས་་ལུགས་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད།

བོད་རང་དབང་མ་ཤོར་གོང་དུ། བོད་ཀྱི་ས་གནས་བདག་བཟུང་དང་སྟངས་འཛིན་བྱེད་མཁན་གྱི་སྲིད་གཞུང་ནས། སོ་སོའི་ལྟ་གྲུབ་དང་ཁེ་ཕན་ལ་མཁོ་བའི་ཁྲིམས་ལུགས་ལག་བསྟར་བྱས་པ་རེད། ཡིན་ནའང་ཁྲིམས་ལུགས་དེ་དག་ནི་དབང་ཡོད་པ་ཉུང་ཤས་ཀྱི་འདོད་པ་ལྟར་བཟོས་ཡོད་པ་ནི་སྨོས་མེད་རེད། དེ་ནི་འཛམ་གླིང་སྤྱིའི་འགྲོ་སྟངས་དང་བྱེད་སྟངས་ཤིག་རེད། དེ་ནས་བོད་ས་རྒྱ་ལ་ཤོར། དབང་ལྡན་མི་ཆེན་སྐུ་དྲག་རྣམས་ཀྱི་དབང་ཆ་ཤོར། ཁེ་ཕན་ཤོར། རྒྱུ་ནོར་ཤོར། མི་དམངས་རྣམས་རྒྱ་མིའི་དབང་འོག་ཏུ་བསྒྱུར། ཡིད་སྐྱོ་བའི་རྒྱུ་རྐྱེན་སྣ་ཚོགས་དབང་གིས། བོད་པ་མང་པོ་རྒྱ་གར་ལ་འབྱོར། སྐྱབས་བཅོལ་བའི་ལས་དབང་ལ་འཐམ། དེ་ནས་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཁུར་དགོས་པའི་དཔེ་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་དམངས་གཙོའི་ལམ་ལུགས་དར། དམངས་གཙོའི་ཁྲིམས་ལུགས་ཀྱི་སྒྲོམ་གཞི་བཙུགས། དར་སྤེལ་བཏང་། ཁྲིམས་ལུགས་དབང་འཛིན་གྱི་སྤྱི་ཚོགས་ཤིག་ལ་མདུན་མཆོང་གི་གོམས་སྟོབས་བསྒྱུར། ཡིན་ནའང་། བོད་མི་ཕལ་ཆེ་སློབ་སྦྱོང་གི་གནས་ཚད་ཞན། དམངས་གཙོའི་སྤྱི་ཚོགས་ལ་རྒྱུས་མངའ་དམན། གཞན་གྱི་གཞུང་ཞིག་ནང་འདྲེན་བྱས་པ་ཙམ་ལས། དེ་དང་མཐུན་པའི་བསམ་བློ་གོ་རྟོགས་དམན། སློབ་སྦྱོང་གི་ཆུ་ཚད་ཞན། གང་ལྟར་དམངས་གཙོའི་སྤྱི་ཚོགས་ཀྱི་ཆ་ལག་ཚང་བའི་སྤྱི་ཚོགས་ཤིག་ཏུ་གྱུར་ནའང་། དམངས་གཙོ་ཆ་ལག་དེ་དག་གི་དོན་སྙིང་མི་རྟོགས་ལ། བཀོད་སྤྱོད་ཀྱི་ལམ་ལུགས་དང་ལྟ་གྲུབ་ཀྱི་བྱེད་ལས་ཡོད་ཚད་དངོས་ཡོད་ཀྱི་གནས་ཚུལ་ལས་བསྟུན་ཐབས་བྱེད་མི་ཐུབ།

སོ་སོ་རང་ཉིད་ཀྱི་ཁྲིམས་ལུགས་མི་ཤེས་པའི་སྒང་ལ། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་དེ་བས་རྨོངས། གནས་སྟངས་དེའི་འོག་མགོ་རྨོངས་ནས་ལྷག ཁྲིམས་ལུགས་མ་ཤེས་ན་རང་གར་སྡོད་ས་སྡོད་ན་འགྲིག་ནའང་། བོད་མི་དེ་དག་མ་ཤེས་ཤེས་མདོག་བྱེད་རྒྱུ་ལ་ཧ་ཅང་དགའ། ཁྲིམས་ལུགས་ཀྱི་ནང་དོན་ཡོངས་སུ་རྟོགས་པ་དང་ལག་བསྟར་ཐུབ་ན་ཅི་མ་རུང་མོད། བོད་མི་ཕལ་ཆེར་གྱི་རི་བོང་བསྐྱལ་འབྲོགས་ཀྱི་ཚུལ་དུ། གཞན་གྱི་གང་བཤད་རྗེས་སུ་འབྲངས་ནས། སྤྱི་ཚོགས་ཀྱི་ལྷིང་འཇགས་དཀྲོག། མ་ཟད། བོད་མི་མང་པོས་ཁྲིམས་ལུགས་སུ་གསལ་བའི་ཐོབ་ཐང་རེ་གཉིས་ལ་ཡིད་དབང་འཕྲོག་ནས། དེའི་རྒྱབ་ཀྱི་འགན་དབང་ཐད་བསམ་བློ་ཙམ་ཡང་གཏོང་སྲོལ་མེད་པ་རེད། དཔེ་ན། སྨྲ་བརྗོད་རང་དབང་ཟེར་དུས་ཚང་མའི་ཁ་ནས་མ་ཎི་བགྲངས་བགྲངས་བྱེད་ནའང་། སྨྲ་བརྗོད་རང་དབང་གི་ཁྱབ་ཚད་དང་ནང་དོན་ལ་རྨོངས་པ་དང་གླེན་ལྐུགས་ཡིན། ཁོ་ཚོས་བསམ་པར། སྨྲ་བརྗོད་རང་དབང་ཟེར་དུས་ག་རེ་བཤད་བཤད་ཡིན་པ་དང་། སོ་སོས་དྲན་ཚད་བཤད་ཆོག་གི་ཡོད་བསམ། རྒྱུ་མཚན་དེའི་དབང་གིས་བོད་མི་མང་པོས་གང་བྱུང་མང་བྱུང་བཤད་ནས་སྤྱི་ཚོགས་ཡོད་ཚད་ལྷིང་འཇགས་དང་འཆམ་མཐུན་མེད་པ་བཟོས། བོད་མི་གཞན་པ་ཚོས་ཀྱང་དེ་ལུགས་དྲན་ནས། ཁོས་ག་རེ་བཤད་ནའང་བཤད་ཆོག་བསམ་པའི་བསམ་བློའི་འོག་ཁྲིམས་གཏུག་གི་བསམ་བློ་མེད།

བོད་པའི་སྤྱི་ཚོགས་ནི་ཡ་མཚན་པ་ཞིག་ཡོད། ཆེ་ས་སྤྱི་ཚོགས་དང་ཆུང་ས་ནང་མི་ནང་ཁུལ་ལ། ཁྲིམས་དོན་གྱི་དཀའ་ངལ་མང་པོ་ཡོད་པ་རེད། ཡིན་ནའང་། ཁོང་ཚོས་དེ་དག་ནང་མོས་ཀྱི་གྲོས་བསྡུར་དང་། ཡང་ནང་གྲོང་ཚོའི་མི་རྒན་དང་འགོ་དཔོན་སོགས་ཀྱིས་ཐག་གཅོད་བྱས་པ་ལྟར་ལག་བསྟར་བྱེད་རྒྱུ་ལས། ཁྲིམས་ཁང་ལ་ཞུ་གཏུག་བྱེད་པའི་བསམ་བློ་འཁོར་མཁན་དང་ལག་ལེན་བསྟར་མཁན་ཧ་ཅང་ཉུང་ཉུང་རེད། རྒྱུ་མཚན་དེའི་དབང་གིས་མགོན་མེད་སྐྱབས་མེད་ཀྱི་བོད་མི་ཉོམ་ཆུང་མང་པོར་གྱོང་རག་གི་ཡོད་པ་དང་། དཔལ་འབྱོར་དང་རྒྱབ་ལྟག་ཡོད་མཁན་ཚོ་ལ་ཁེ་ཕན་རག་པ་ཞིག་ཏུ་འགྱུར་ཡོད། དེ་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད། དེའི་རྒྱུ་མཚན་གཙོ་བོ་ནི་མི་དམངས་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་མེད། ཁྲིམས་ལུགས་ཀྱིས་རང་ཉིད་སྲུང་སྐྱོབ་ཐུབ་པའི་ཡིད་ཆེས་མེད། ཤེས་ཚོར་མེད། ཁྲིམས་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེབས་ཐུབ་པའི་ནུས་པ་དེ་མ་ཤེས་པའི་དབང་གི་རེད།

ཁྲིམས་ལུགས་ཀྱི་དགོས་དམིགས་ཆེ་ཤོས་ནི་མི་དམངས་ནང་ཁུལ་ལ་དྲང་བདེན་ཡོང་རྒྱུ་དེ་རེད། གལ་སྲིད་ཁྲིམས་ལུགས་དེ་ཉིད་དབུལ་ཕྱུག་དང་དབང་ཆ་ཡོད་མེད་ཀྱི་ཚོད་འཛིན་དུ་བཀོལ་སྤྱོད་བྱེད་ན། ཁྲིམས་ལུགས་ཀྱི་སྤྱི་ཚོགས་ལ་སྡུག་བསྔལ་བསྐྲུན་པ་དང་། སྤྱི་ཚོགས་ཡར་ཐོན་གྱི་མདུན་ལམ་བཀག་བྱེད། སྤྱི་ཚོགས་ཀྱི་འཚོ་བའི་དོན་སྙིང་ལ་དོགས་ཕོག་གཏོང་པ་ལས་གཞན་གང་ཡང་མེད་པ་རེད།

 

 

 

(Visited 1 times, 1 visits today)