༄༅།། ཚོགས་པ་འདི་ཉིད་ནི་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༧ ནས་ ༢༩ བར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་ཆེན་ཐོག་བཙུགས་པའི་ཚོགས་པ་ཞིག་ཡིན། ལྷག་པར་ ༢༠༡༣ ཟླ་ ༦ ཚེས་ ༢༩ ཉིན་ཚོགས་བཅར་བ་ཡོངས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ཚོགས་པ་འདི་ཉིད་དབུ་འཛུགས་ཞུས་པ་ཡི་རངས་དང་བསྔགས་བརྗོད་གནང་ཡོད་ལ། ཚོགས་པ་འདིས་སོ་སོའི་ཁྱད་ལས་ཐོག་ཁྲིམས་ལུགས་ཐད་དཀའ་ངལ་འཕྲད་བཞིན་པའི་བོད་མི་གཙོས་མི་དམངས་གང་མང་ལ་ཞབས་འདེབས་ཞུ་དགོས་པ་དང་། ཞུ་ཐུབ་པའི་སྐོར་བཀའ་བསླབ་ཟབ་མོ་ཕེབས་ཡོད། ༢༠༡༤ ཟླ་ ༧ ཚེས་ ༢༣ ཉིན་ཚོགས་གཙོ་བློ་བཟང་གྲགས་པ་ནས་སྐུ་ལས་ཚད་མེད་བསྐྱོན་ནས་ཚོགས་པ་འདི་ཉིད་རྒྱ་གར་ལྷོ་ཕྱོགས་ཀ་ན་ཏྲ་ཀ་མངའ་སྡེ་རུ་ཁྲིམས་མཐུན་དེབ་སྐྱེལ་བྱེད་ཐུབ་པ་བྱུང་ཡོད། ༧མགོན་པོ་གང་གི་བཀའ་བསླབ་སྙིང་བཅངས་ཐོག ད་དབར་ཚོགས་པ་འདིས་བོད་མི་གཙོས་མི་དམངས་གང་མང་ལ་ཁྲིམས་དོན་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་ལ། བཙན་བྱོལ་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག དགོན་སྡེ་ཁག་བཅས་བོད་མི་སྟོང་ཕྲག་མང་པོར་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་ཡོད།

ཐོག་མའི་དམིགས་ཡུལ།

ཚོགས་པ་འདི་འཛུགས་དགོས་པའི་ཐོག་མའི་དམིགས་ཡུལ་ནི། དམངས་གཙོ་རྒྱལ་ཁབ་གང་ཡིན་ཡང་ཁྲིམས་ལུགས་དབང་འཛིན་ནི་ཆེས་གལ་གནད་ཆེ་བ་ཞིག་ཡིན་པ་དང་། དེ་ནི་དམངས་གཙོ་ཀ་བ་གསུམ་གྱི་ཡ་གྱས་ཤིག་ཡིན་པ་མ་ཚད། མི་དམངས་ལ་འདྲ་མཉམ་དྲང་བདེན་ཡོང་རྒྱུ། སྤྱི་ཚོགས་ལ་ལྷིང་འཇགས་འཕེལ་རྒྱས་འགྲོ་བའི་མ་རྩ་ལྟ་བུ་ཡིན། འདས་པའི་མི་ལོ་བཅུ་ཕྲག་མང་པོའི་ནང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མི་དམངས་རྣམས་ལ་ཁྲིམས་ལུགས་དཀལ་ངལ་ཐད། བོད་མིའི་སྒྲིག་འཛུགས་ཀྱིས་རང་ནུས་གང་ལྕོགས་དང་ཁྲིམས་ཁུངས་ཁྱབ་ཚད་ནང་ཚུད་ཡོད་ཚད་ལ་མཐུན་སྦྱོར་དང་དྲང་བདེན་གྱིས་དཀའ་ངལ་སེལ་ཁུལ་བྱས་ནའང་། ད་དུང་བོད་མི་ཉོམ་ཆུང་ནུས་མེད་མང་པོར་ཁྲིམས་དོན་དཀའ་ངལ་དུ་མ་འཕྲད་ཀྱི་ཡོད་པའི་ངོས་འཛིན་ཐོག བོད་རིགས་ཁྲིམས་ལུགས་རིག་པ་བ་དང་ཁྲིམས་རྩོད་པ་ཡོངས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་བཙུགས་ཐུབ་ན། བོད་མིའི་སྒྲིག་འཛུགས་ཀྱིས་སྙོབས་མ་ཐུབ་པ་དང་། སྙོབས་མ་བདེ་བའི་བོད་མི་མང་པོར་ཁྲིམས་དོན་གྱི་རོགས་སྐྱོར་ཐུབ་རྒྱུ་དེ་རེད། མ་ཚད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་རྩ་དོན་འཐབ་རྩོད་ཀྱི་ལམ་ལ་བཞུག་པའི་སྤྱི་ཚོགས་ཤིག་ཡིན་པས། མ་འོངས་པར་ཆབ་སྲིད་དང་སྲིད་ཇུས་ཀྱི་ཐབས་ལམ་ཅི་ཞིག་གི་འོག་ནའང་བོད་དོན་བདེན་མཐའ་སེལ་ཐུབ་པ་བྱུང་རྒྱུ་ཡིན་པའི་རེ་བའི་ཐོག ཚོགས་པ་འདི་ཉིད་ཀྱི་འཛམ་གླིང་ཕྱི་ནང་གི་རྩ་ཁྲིམས་གཙོས་ཁྲིམས་ལུགས་གང་མང་ལ་ཉམས་ཞིབ་གནང་ཏེ། མ་འོངས་བོད་ཀྱི་ཁྲིམས་ལུགས་སྒྲོམ་གཞི་བརྟན་པོ་ཞིག་ལ་རྨང་གཞི་བཙུགས་པའི་ནུས་པ་འདོན་ཐུབ་རྒྱུ་དེ་རེད། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༧ ཉིན་ཚོགས་གཙོ་བློ་བཟང་གྲགས་པ་ལགས་དང་ཐེ་ཝེན་གྲོས་ཚོགས་འཐུས་མི་ཚོ་དང་མཉམ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ཚོགས་གཙོ་ལགས་ནས་༧གོང་ས་མཆོག་ལ་ཚོགས་པའི་སྐོར་སྙན་གསན་ཞུས་པར་༧གོང་ས་མཆོག་གི་ཡི་རངས་བསྔགས་བརྗོད་གནང་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༣ ཉིན་ཚོགས་པ་ལས་བྱེད་ཡོངས་ལ་༧གོང་ས་མཆོག་ནས་མཇལ་ཁ་གནང་ཡོད་པ་དང་། སྐབས་དེར་༧མགོན་པོ་གང་གིས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བསླབ་ཟབ་མོ་ཕེབས་པ་མ་ཚད། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམས་ལ་ཚོགས་པ་འདི་ཉིད་གལ་ཆེན་པོ་ཡིན་པ་དང་མ་འོངས་རོགས་རམས་གང་ཐུབ་གནང་དགོས་པའི་བཀའ་སློབ་ལམ་སྟོན་ཡང་གནང་ཡོད།

ཚོགས་པའི་སྒྲོམ་གཞི།

བོད་མིའི་ཁྲིམས་ལུགས་རིག་པ་བ་དང་ཁྲིམས་ལུགས་སློབ་མ། ཁྲིམས་རྩོད་པ་ཡོངས་ཚོགས་པ་འདིའི་ཚོགས་མིར་བཞུགས་ཆོག་པའི་ཐོབ་ཐང་ཡོད་པ་རེད། ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡༢ དབར་ཚོགས་མི་དེབ་བསྐྱེལ་ཟིན་པའི་ཚོགས་མི་གྲངས་༤༠བྱུང་ཡོད། དེའི་རྗེས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་རྐྱེན་པས་ཚོགས་མི་དེབ་བསྐྱེལ་བྱེད་པའི་གོ་སྐབས་མ་བྱུང་། ཕྱི་ལོ་ ༡༩༥༩ ལོ་ནས་ད་དབར་བཙན་བྱོལ་བོད་མི་ཁྲིམས་ལུགས་མཐོ་སློབ་ཐོན་མཁན་བརྒྱ་ལྷག་བྱུང་ཡོད་ནའང་། ད་ཆར་སོ་སོའི་འཚོ་ཐབས་ཀྱི་དབང་གིས་མང་པོ་ཁྱད་ལས་དོན་གཉེར་བྱེད་ཀྱི་མི་འདུག ཕྱི་རྒྱལ་ཁག་ནས་ཁྲིམས་ལུགས་མཐོ་སློབ་ཐོན་མཁན་༣༠ ལྷག་བྱུང་ཡོད་སྐོར་ཐོས་ནའང་། ཚོགས་པས་གང་ཐུབ་འབྲེལ་བ་ཞུས་ནའང་། ཚོགས་བཞུགས་གནང་པ་མ་བྱུང་།

ཚོགས་པ་འདིར་ཚོགས་གཙོ་གཅིག་དང་། སྤྱི་ཁྱབ་དྲུང་ཆེ་གཅིག དངུལ་གཉེར་གཅིག རྩིས་པ་གཅིག་བཅས་ཡོད། ཚོགས་པའི་རྒྱུན་གྲོན་དང་འབྲེལ་བའི་ལས་ཀ་ཡོད་ཚད་དྲུང་ཆེ་དང་དངུལ་གཉེར་རྩིས་པ་གསུམ་གྱིས་འགན་ཁུར་གྱི་ཡོད། ཚོགས་གཙོས་བཀའ་འཁྲོལ་ས་ཡིག་མིང་རྟགས་བཀོད་པ་ལས་གཞན་འབྲེལ་བ་མེད་པ་རེད། ཕྱི་ལོ་ ༢༠༡༦ ལོར་དྷ་རམ་སར་ལས་ཁུངས་དངོས་སུ་བཙུགས་པ་ནས་ཕྱི་ལོ་ ༢༠༡༩ དབར་སྔ་ཕྱི་ལས་བྱེད་ཁྱོན་བསྡོམས་ ༡༠ བྱུང་ཡོད། དེ་ནས་རིམ་བཞིན་སོ་སོའི་འཚོ་ཐབས་དང་ནང་མི། མུ་མཐུད་སློབ་སྦྱོང་ལས་འཆར་སོགས་ཀྱིས་རྐྱེན་པས་ལས་བྱེད་མང་པོ་དགོངས་པ་ཞུས་ཡོད། བོད་མི་ན་གཞོན་ཁྲིམས་ལུགས་མཐོ་སློབ་ཐོན་རྗེས་མང་པོ་སོ་སོའི་འདུན་ལམ་བཟང་ས་དང་གླ་ཆ་ཡག་སར་སོང་པ་དང་། ཚོགས་པའི་རོགས་དངུལ་དཀའ་ངལ་བྱུང་པས་ལས་བྱེད་གསར་པ་སྒྲུག་ཐབས་བྲེལ་བ་སོགས་རྒྱུ་རྐྱེན་འདྲ་མིན་ལ་བརྟེན། ད་ཆར་ལས་བྱེད་ ༢ ལས་ལྷག་མེད།

མི་དམངས་ལ་ཕན་ཐོགས་ཅི་བྱུང་སྐོར།

ཕྱི་ལོ་ ༢༠༡༦ ནས་ད་དབར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་བོད་མི་ ༦༡༠ ལ་ཁྲིམས་དོན་དཀའ་ངལ་སེལ་ཐབས་དང་ཁྲིམས་འབྲེལ་ཡིག་ཆ་བཟོས་ཡོད། ད་ལྟའི་དབར་བོད་ཁྱིམ་སློབ་གྲྭ་དང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་བཅས་ནས་མཐུན་རྐྱེན་སྤྲོད་སྦྱོར་འོག་བཙན་བྱོལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ དགོན་སྡེ་ཁག་ལ་ཁྲིམས་ལུགས་གོ་རྟོགས་ཀྱི་ལས་གཞི་ཐེངས་ ༢༡ སྤེལ་ཐུབ་པ་བྱུང་ཡོད། བོད་མི་ཁྱོན་བསྡོམས་༢༨༤༨ ལྷག་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།

གལ་གནད་ཆེ་བའི་དཔེ་མཚོན་ཁག་ཅིག

༡། སི་ལ་ཀོ་བོད་ཁྱིམ་སློབ་མ་ཞིག་གི་སྐྱབས་བཅོལ་ལག་དེབ་སྐོར་གྱི་དཀའ་ངལ་སེལ་པ་མ་ཟད། ཁོང་བཙོན་ཁང་ནས་བསྡད་མ་དགོས་པར་མུ་མཐུད་རྒྱ་གར་སློབ་གྲྭ་འགྲེམས་པའི་གོ་སྐབས་བསྐྲུན་ཐུབ་ཡོད། མ་ཚད། ཁ་མཆུ་དེ་ཉིད་རྒྱ་གར་ཡུལ་ཁྲིམས་དང་འགལ་མིན་གྱི་རྙོག་གྲ་ཆེ་བས་ཚོགས་པ་འདི་ཉིད་ཀྱི་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ལ་ཞུ་གཏུག་གིས་ཕྱག་ལས་མང་པོ་གནང་ཡོད་པས། མཐར་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་དེ་འབྲེལ་བཀོད་ཁྱབ་ཡིག་ཆ་ཁག་ཏུ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ལ་ངོས་འཛིན་གྱི་མིང་འདོན་ཡང་བྱེད་ཡོད། ཁ་མཆུ་དེའི་སྐོར་ཁྲིམས་རྩོད་པ་དང་སྤྱི་ཁྱབ་དྲུང་ཆེ་ཟུར་པ་རྣམ་རྒྱལ་ཚེ་སྐྱིད་ཀྱི་སྐུ་ལས་མང་པོ་བསྐྱོན་གནང་ཡོད།

༢། བོད་མི་ཞིག་གི་Adhaar Card རྒྱ་གར་བ་ཞིག་གི་བེད་སྤྱོད་ལོག་པར་བཏང་ནས་གཞན་གྱི་དངུལ་ཁང་བཅོམ་པའི་གནད་དོན་ཞིག་བྱུང་ནས། བོད་པ་དེ་ལ་རྒྱ་གར་ཉེས་རྟོག་པས་འཛིན་བཟུང་གི་བཀའ་རྒྱ་བཏང་ཡོད་པའི་གནད་དོན་བྱུང་བས། འདི་གར་ལས་ཁོངས་ཀྱི་ལས་བྱེད་ཀུན་བཟང་སྟོབས་ལྡན་ལགས་རྒྱ་གར་མངའ་སྡེ་Gujrat ལ་ཐེངས་ཁ་ཤས་སོང་ནས་ད་གཟོད་བོད་མི་དེ་ཉེས་མེད་ཡིན་པ་བཟོས་ཐུབ་ཡོད།

༣། དྷ་རམས་སར་བོད་མི་ཞིག་རྒྱ་གར་བས་གྲི་བཙུགས་ནས་གསོད་པ་དང་། དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་དང་ནང་སྲིད་ལས་ཁུངས་ཀྱིས་ཇི་ལྟར་རེ་སྐུལ་ཞུས་པ་ལྟར། ཁ་མཆུ་དེའི་འགོ་མཇུག་བར་གསུམ་ལ་འདི་གར་ལས་ཁུངས་ཀྱི་མཐུན་སྦྱོར་གནང་ཏེ་མཐར་ཁ་མཆུ་དེ་རྒྱལ་ཁ་ངང་མཇུག་སྒྲིལ་ཐུབ་པ་བྱུང་ཡོད།

༤། དྷ་རམས་སར་ནང་བོད་པ་ནང་མི་ཞིག་ལ་ཁང་པའི་བདག་དབང་གི་རྩོད་རྙོག་བྱུང་ཏེ། ནང་མི་ནང་ཁུལ་རྙོག་གྲ་བྱུང་ཏེ་ཁང་པའི་བདག་དབང་ཐད་ཐག་གཅོད་གང་ཡང་བྱུང་མ་ཐུབ་སྐབས། འདི་གར་ལས་ཁུངས་སུ་ཇི་ལྟར་རེ་སྐུལ་ཞུས་པ་བཞིན། འདི་གར་ལས་ཁུངས་ཀྱི་རྩོད་རྙོག་འདུམ་སྒྲིག་བྱས་ནས་ཁང་པའི་བདག་དབང་ཐད་ཞི་འཇམ་ངང་ཚང་མས་མོས་མཐུན་ཡོད་པའི་ཐག་གཅོད་བྱས་ཡོད། ནང་མི་ནང་ཁུལ་རྒྱུ་དངོས་ཐད་རྩོད་རྙོག་བྱུང་པ་མང་པོ་བྱུང་ཡོད། དེ་དག་གི་ཐད་འདི་གར་ལས་ཁུངས་ཀྱིས་གང་ཐུབ་རོགས་རམས་གནང་ཏེ་དཀའ་ངལ་མང་པོ་སེལ་ཡོད། སྒེར་དོན་སྲུང་སྐྱོབ་དབང་གི་རྩོད་རྙོག་དེ་དག་རེ་རེ་བཞིན་འདི་གསལ་པོ་བྲིས་མི་དགོས་པ་འཚལ།

༥། བཟའ་ཚང་གང་རུང་གཅིག་ཕྱི་རྒྱལ་ལ་སོང་ནས་ནང་མི་ཁ་འཐོར་ངང་རྒྱ་གར་ལ་གནས། འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ནས་ཁོང་ཚོ་ནང་མི་དངོས་གནས་ཡིན་མིན་ལ་དོགས་པ་ཡོད་ལུགས་བརྗོད་ནས་མཐོང་མཆན་མ་སྤྲོད་པ་སོགས་དཀའ་ངལ་བྱུང་། ལོ་ལྔ་དྲུག་སོང་ཡང་ནང་མི་ཟླ་སྒྲིལ་མ་ཐུབ་པའི་བཟའ་ཚང་མང་པོ་འདི་གར་ལས་ཁུངས་སུ་ཁྲིམས་དོན་རོགས་སྐྱོར་བཙལ་པ་ལྟར། འདི་གར་ལས་ཁུངས་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་རྣམས་ལ་ཁྲིམས་དོན་ཞུ་གཏུགས་རིམ་བརྒྱུད་གནང་མཐར། ནང་མི་བདུན་ཙམ་ཟླ་སྒྲིལ་ཐུབ་པ་བྱུང་ཡོད།

༦། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དེབ་སྐྱེལ་དུས་ཡུན་རྫོགས་པ་དང་། རྒྱ་གར་གྱི་དེབ་སྐྱེལ་ཁྲིམས་ལུགས་ལ་བསྐྱར་བཅོས་སོང་ནས་དེབ་སྐྱེལ་གསར་པ་བཟོ་དགོས་པའི་དཀའ་ངལ་འཕྲད་སྐབས། འབྲས་ཡོད་ལྷན་ཁང་གི་ཇི་ལྟར་རེ་སྐུལ་ཞུས་པ་ལྟར་འདི་གར་ལས་ཁུངས་ཀྱིས་དེབ་སྐྱེལ་གསར་བཟོ་ཐུབ་པ་བྱུང་ཡོད། གནད་དོན་དེའི་ཐད་འབྲེལ་ཡོད་ཆོས་རིག་བཀའ་བློན་གྱི་གྲོས་ཚོགས་ནང་ཚོགས་པ་འདིས་ཕྱག་རོགས་ཞུས་པར་ཐུགས་རྗེ་ཆེ་གསུངས་ཡོད་ལ། ཆོས་རིག་ལས་ཁུངས་ཀྱི་གྲོས་ཚོགས་ལ་ཕུལ་བའི་ལས་བསྡོམས་སྙན་ཐོའི་ནང་ཡང་གསལ་ཡོད།

༧། བཟའ་ཚང་ཞིག་ལ་ཧྥ་རེན་སིའི་མཐོང་མཆན་རག་ཡོད་ནའང་། སྐྱབས་བཅོལ་ལག་འཁྱེར་མེད་ཙང་།ཕྱི་ཐོན་ཆོག་མཆན ( Exit Permit) མ་རག་པའི་དཀའ་ངལ་འོག ཕྱི་རྒྱལ་ལ་འགྲ་ཐོབ་བྲེལ་བའི་དཀའ་ངལ་ཆེན་པོ་འཕྲད་པའི་སྐབས། འདི་གར་ལས་ཁུངས་ཀྱིས་ཛ་དྲག་ངང་འབྲེལ་ལམ་བརྒྱུད་ནས་ཉིན་གཅིག་གི་ནང་སྐྱབས་བཅོལ་ལག་འཁྱེར་བཟོས།ཕྱི་ཐོན་ཆོག་མཆན( Exit Permit) ཞུས་ནས་བཟའ་ཚང་དེའི་དཀའ་ངལ་སེལ་ཡོད།

༨། ཕྱི་རྒྱལ་རྒས་ཁོག་མང་པོ་དྷ་རམ་སར་སྡོད་ཡོད་པ་དང་། ཁོང་ཚོའི་ནང་མང་པོས་ཁྲིམས་མཐུན་ཁ་མཆན་ཡི་གེ་(Will)བཟོ་དགོས་སྐོར་ཞུས་པར། འདི་གར་ལས་ཁུངས་ཀྱིས་ཁོང་ཚོའི་རེ་འདོད་ལྟར་ཁ་མཆན་ཡི་གེ་(Will)གྲངས་བཞི་ཙམ་བཟོས་ཡོད།

༩། བོད་པ་མང་པོ་ཟ་ཁང་དང་ཚོང་ཁང་སོགས་ཀྱི་ཚོང་གཉེར་བྱེད་བཞིན་ཡོད་ནའང་། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་དེབ་སྐྱེལ་བྱེད་མེད་མཁན་མང་པོ་རེད། ཚོང་པ་རེ་ཟུང་གིས་ཇི་ལྟར་རེ་སྐུལ་ཞུས་པ་ལྟར། འདི་གར་ལས་ཁུངས་ཀྱི་ཚོང་ཁང་དང་ཟ་ཁང་གྲངས་བཞི་ཙམ་ལ་ཁྲིམས་མཐུན་དེབ་སྐྱེལ་བཟོས་ཐུབ་པ་བྱུང་ཡོད།

༡༠། རྒས་གཡོལ་སོང་བའི་བོད་པའི་དང་ཟུར་རམ་དམག་མི་ཁ་ཤས་ལ་ཡིག་ཆའི་དབང་གི་གཞུང་ནས་རྒས་ཕོག་མ་རག་པའི་དཀའ་ངལ་བྱུང་གི་ཡོད་པས། འདི་གར་ལས་ཁུངས་ཀྱིས་འབྲེལ་ཡོད་དམག་སྒར་ལས་ཁུངས་ལ་ཞུ་གཏུགས་དང་། ངེས་མཁོའི་ཡིག་ཆ་ཁག་མཁོ་སྤྲོད་ཀྱི་དང་ཟུར་བ་གཉིས་ཀྱི་དཀའ་ངལ་སེལ་ཡོད།

༡༡། དྷ་རམ་སར་ལས་དོན་འདྲ་མིའི་གཉེར་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཡོད། སྐབས་སྐབས་ཚོགས་པ་དེ་དག་གི་དེབ་སྐྱེལ་སོགས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པས། འདི་གར་ཚོགས་པ་ངོས་ནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས། Tibet Charity བོད་ཀྱི་བུད་མེད་ལྷན་ཚོགས། བོད་འཛམ་གླིང་ཤེས་ཡོན་ཚོགས་པ་སོགས་ཚོགས་པ་མང་པོར་ཁྲིམས་དོན་ལམ་སྟོན་དང་རོགས་རམ་བྱས་ཡོད།

གོང་གསལ་དེ་དག་ནི་དཔེ་མཚོན་ཙམ་ལས། ད་དབར་འདི་གར་ལས་ཁུངས་ངོས་ནས་རྒྱབ་གཉེར་གནང་པ། དམ་ཡིག(Affidavit) བཟོས་པ། གཉེན་སྒྲིག་ལག་འཁྱེར་བཟོས་པ། སྐྱེས་ཚེས་ལག་འཁྱེར་བཟོས་པ། འཆི་ཚེས་ལག་འཁྱེར་བཟོས་པ། ཁ་མཆུ་ཞུ་གཏུག་གི་ཡིག་ཆ་བཟོས་པ། མི་སེར་ལག་འཁྱེར་བཟོས་པ། Addaar Card ནང་ལ་ནོར་བཅོལ་བཟོས་པ། སྐྱབས་བཅོལ་ལག་དེབ་ནང་ནོར་བཅོལ་བཟོས་པ། དང་བླང་བཅའ་དངུལ་ལག་དེབ་ནང་ནོར་བཅོལ་བཟོས་པ། ཁ་ལོ་བའི་ལག་འཁྱེར་བཟོས་པ། འཕྲུལ་འཁོར་མིང་འགྱུར་བཟོས་པ། འགྲིམ་འགྲུལ་གནད་དོན་ཐད་ཁྲིམས་དོན་རོགས་སྐྱོར་གནང་པ་སོགས་བོད་མི་བརྒྱ་ཕྲག་མང་པོར་ཐུགས་ཕན་གསོལ་པའི་རོགས་རམ་གནང་པ་ཡོད།

ཚོགས་འདུའི་ཐོག་ཚོགས་གཙོ་དང་དྲུང་ཆེ་གཉིས

རྒྱལ་སྤྱིའི་ཚོགས་འདུ་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ།

༡། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ ནས་ ༡༧ དབར་ཉི་ཧོང་ལ་ཚོགས་པའི་མི་རིགས་ན་གཞོན་འགོ་ཁྲིད་ཚོགས་ཆེན་ཐོག ཚོགས་གཙོ་བློ་བཟང་གྲགས་པ་ལགས་དང་ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་ལགས་གཉིས་གདན་ཞུས་ལྟར་ཚོགས་བཅར་ཞུས་ནས་བོད་དོན་སྐོར་དྲིལ་བསྒྲགས་གི་ལས་དོན་སྤེལ་ཡོད་ལ། སྐབས་དེར་ཉི་ཧོང་གྲོས་ཚོགས་འཐུས་མི་གྲངས་༡༥ཙམ་ལ་ཐུག་འཕྲད་ཀྱིས་བོད་དོན་སྐོར་ཞུ་གཏུག་དང་སྙན་གསན་ཞུས་ཡོད།

༢། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༦ ནས་ཟླ་ ༣ ཚེས་ ༧ དབར་ཚོགས་གཙོ་བློ་བཟང་གྲགས་པ་ལགས་ཨོ་སི་ཊྲི་ལི་ཡ་ལ་སྐོར་བསྐྱོད་ཀྱི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་གྲངས་༢༠ ཙམ་ཐུག་འཕྲད་ཀྱིས་བོད་དོན་སྐོར་བགྲོ་གླེང་བྱས་ཡོད།

༣། ཕྱི་ལོ་ ༢༠༢༠ ལོར་ཐེ་ཝེན་ལ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རིམ་སྐོར་གྱི་རྒྱལ་སྤྱིའི་ཚོགས་ཆེན་ཐོག ཁྲིམས་རྩོད་པ་བསྟན་འཛིན་བདེ་ཆེན་ལགས་མཉམ་བཞུག་གནང་ཏེ་བོད་དོན་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཉམས་གུད་ཐད་དྲིལ་བསྒྲགས་བྱས་ཡོད། སྐབས་དེར་ཁོང་གི་ཐེ་ཝེན་གྲོས་ཚོགས་འཐུས་མི་གཉིས་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་ཞུ་གཏུག་བྱས་ཡོད།

གོང་གསལ་ཉི་ཧོང་ལ་འགྲོ་སྐབས་ཚོགས་པ་ངོས་ནས་གནམ་གྲུ་གླ་ཆ་ཕྱེད་ཀ་སྤྲོད་པ་ལས་གཞན་འགྲོ་གྲོན་ཡོད་ཚད་དོ་བདག་གིས་བཏང་པ་ལས་ཚོགས་པའི་འགྲོ་གྲོན་བཏང་པ་མེད། འདི་གར་ལས་ཁུངས་ནས་དུས་ནས་དུས་སུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་གཏུག་དང་སྐབས་བབས་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་གསན་ཞུ་བཞིན་ཡོད།

(Visited 1 times, 1 visits today)