ཐེ་ཝེན་ཏོང་ཝོ་སློབ་ཆེན་གྱིས་ཇི་ལྟར་གདན་ཞུ་ཞུས་པ་བཞིན་ཕྱི་ལོ་ ༢༠༡༩ ལོ་ཟླ་ ༧ ཚེས་ ༡༠ ནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བསྟན་འཛིན་བདེ་ཆེན་ལགས་ཐེ་ཝེན་ལ་ཕེབས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཞིག་ལ་ཕེབས་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་འཛམ་གླིང་ས་ཕྱོགས་དུ་མ་ནས་མཁས་དབང་དང་ཁྲིམས་རྩོད་པ། མཐོ་སློབ་སློབ་དཔོན་སོགས་དུ་མ་ཕེབས་ཡོད་པ་དང་། ཁྲིམས་རྩོད་པ་བསྟན་འཛིན་བདེ་ཆེན་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་དུ་འགྲོ་བཞིན་ཡོད་སྐོར་གྱི་གསུང་བཤད་གནང་ཡོད་པ་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་བའི་གཞུང་དང་གཞུང་འབྲེལ་མེད་པའི་ཚོགས་སྡེ་ཁག་ཚང་མས་བོད་དོན་ཐོག་རོགས་སྐྱོར་གནང་འཐུས་དགོས་སྐོར་གྱི་འབོད་སྐུལ་ཡང་ཞུས་ཡོད།

གཞུང་འབྲེལ་ཕྱོགས་འདིའི་རིང་བསྟན་འཛིན་བདེ་ཆེན་ལགས་ཀྱིས་ཐེ་ཝེན་གྲོས་ཚོགས་འཐུས་མི་ཡུ་མེ་ཉའུ་ལགས་དང་། ཐེ་ཝེན་དོན་གཅོད་ཟླ་བ་ཚེ་རིང་ལགས། ཐེ་ཝེན་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམ་པ་དང་། དེ་བཞིན་ཐེ་ཝེན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་དང་ཐུག་འཕྲད་ཀྱིས་བསམ་ཚུལ་བརྗེ་རེས་བྱས་ཡོད།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཐོག་མ་དེ་ཡིན་པ་དང་། ཚོགས་པ་འདི་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་ལྟར་བཙུགས་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་འདིས་ད་བར་བཙན་བྱོལ་བོད་མི་དང་བོད་མི་མ་ཡིན་པའི་སྐྱེ་བོ་མང་པོར་ཁྲིམས་དོན་གྱི་བཀའ་ངལ་དུ་མ་སེལ་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་སློབ་གྲྭ་དང་དགོན་སྡེ། མང་ཚོགས་སོགས་ལ་ཁྲིམས་ལུགས་ཀྱི་རྨང་གཞིའི་གོ་རྟོགས་ཀྱང་ཐེངས་མང་སྤེལ་ཡོད་པ་རེད།

ཚོགས་པ་འདི་ཕྱི་ལོ་ ༢༠༡༣ ནས་བཙུགས་པ་དང་། ཚོགས་པའི་དཔལ་འབྱོར་གྱི་གནས་སྟངས་ཞན་པའི་དབང་གིས་ལས་ཁུངས་སོགས་བཙུགས་ཐུབ་མེད་ནའང་། ཚོགས་པའི་ཚོགས་མི་རྣམས་ཀྱི་རང་འགན་རང་འཁུར་གྱིས་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་དང་། མི་མང་ལ་ཁྲིམས་དོན་དཀའ་ངལ་སེལ་བའི་བྱ་བ་སོགས་ཆད་མེད་སྤེལ་ཡོད་པ་རེད། བོད་ཀྱི་ཐེབས་རྩ་དང་མཚོ་པདྨ་སོགས་ནས་རོགས་དངུལ་གནང་བརྟེན་ནས་ཕྱི་ལོ་ ༢༠༡༦ ལོར་བཙུགས་ཐུབ་པ་བྱུང་ཡོད་པ་དང་། དུས་ད་ལྟའི་བར་ཚོགས་པ་ངོས་ནས་བོད་མི་སྟོང་ཕྲག་མང་པོར་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་ཡོད་པ་དང་། མི་མང་ལྔ་བརྒྱ་ལྷག་ལ་ཆེ་ཆུང་ཅི་རིགས་ཀྱི་ཁྲིམས་དོན་དཀའ་ངལ་སེལ་ཡོད་པ་རེད།

 

 

(Visited 1 times, 1 visits today)